Monday, August 8, 2011

ངས་༧གོང་ས་མཆོག་བོད་དུ་ཕེབས་ཐུབ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན།



དེ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གི་དམ་འབུམ་མཛད་སྒོའི་སྟེང་། ཁོང་གིས་ཆོས་ལུགས་རིས་མེད་ཀྱི་མང་གཙོའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ྋགོང་ས་མཆོག་གི་ཐུགས་བཞེད་དེ་བསྒྲུབ་རྒྱུ་ཡིན་པའི་དམ་བཅའ་ཕུལ་སོང་།

དེ་རིང་ཕྱི་ཚེས་ ༨ ཉིན་ཞོགས་པའི་ཆུ་ཚོད་ ༧ པའི་སྟེང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གནས་ཆུང་གྲྭ་ཚང་དང་དགའ་གདོང་གྲྭ་ཚང་བཅས་སུ་མཆོད་མཇལ་ཞུས་རྗེས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་མཆོག་དབུ་བཞུགས་ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་བཀའ་བློན་ཁྲི་པའི་མཛད་འཁུར་དང་གསང་རྒྱའི་དམ་འབུལ་གནང་རྗེས། བཀའ་བློན་ཁྲི་པའི་ལས་ཁུར་མགོ་འཛུགས་གསུང་བཤད་གནང་སོང་ལ། དེ་བཞིན་ཆུ་ཚོད་ ༡༡ སྟེང་གངས་སྐྱིད་ཀྱི་བཀའ་ཤག་ཐོག་ཁང་གསར་བའི་ཚོགས་ཁང་དུ། བཀའ་ཁྲིའི་ལས་ཁུར་དངོས་སུ་བཞེས་རྗེས་ཀྱི་གསར་འགོད་ལྷན་ཚོགས་ཐོག་མ་དེ་བསྐྱངས་ཏེ། བོད་པ་དང་རྒྱ་གར་གཙོས་པའི་འཛམ་གླིང་གི་གསར་འགོད་པ་ ༥༠ ལྷག་གི་དྲི་བར་ལན་འདེབས་གནང་སོང་།

བློ་བཟང་སེང་གེ་མཆོག་གིས་བཀའ་ཁྲིའི་དམ་འབུལ་གསུང་བཤད་གནང་དོན། "དེ་རིང་བོད་གངས་ཅན་གྱི་ལྗོངས་སུ་དམ་པའི་ལྷ་ཆོས་ཀྱི་སྣང་བ་སྤེལ་མཁན་རྒྱ་གར་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་འཁྲུངས་པའི་དུས་ཚིགས་ཁྱད་པར་ཅན་འདིར། ༸གོང་ས་མཆོག་ལ་གུས་ཕྱག་དང་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས། ཕྲན་གྱིས་གུས་པ་ཆེན་པོའི་བཀའ་བློན་ཁྲི་པའི་ལས་འཁུར་དང་ལེན་ཞུ་རྒྱུ་ཡིན་ལ། གུས་པར་བཙན་བྱོལ་བོད་མི་ཡོངས་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་མ་ཟད། བཙན་འོག་ཏུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོས་ཀྱང་སྨོན་འདུན་དང་འཚམས་འདྲིའི་ལམ་ནས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་ལོ་རྒྱུས་རང་བཞིན་ལྡན་པའི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རླབས་ཆེན་སྒྲིག་འཛུགས་འདིའི་ཁྲིམས་མཐུན་གྱི་ངོ་བོ་རྒྱུན་མཐུད་རྒྱུའི་གོ་སྐབས་ཐོབ་པ་འདི་ནི། བོད་གཞིས་བྱེས་གཉིས་ཀྱི་མི་རབས་གོང་མ་ཚོའི་དཀའ་སྤྱད་སྙིང་རུས་དང་བློས་གཏོང་ལས་བྱུང་བའི་འབྲས་བུ་ཡིན་པར་བརྟེན། ཇི་སྲིད་བོད་ནང་རང་དབང་བསྐྱར་གསོ་མ་བྱུང་གི་བར་དུ། མེས་པོ་གོང་མ་ཚོས་བཞག་པའི་བོད་དོན་བདེན་པའི་འཐབ་རྩོད་མུ་མཐུད་སྲ་བརྟན་རྒྱུན་གནས་ཡོང་ཐབས་དང་། ༸གོང་ས་མཆོག་བོད་ནང་ཞབས་སོར་འཁོད་ཐུབ་པ་ཡོང་ཆེད་འབད་བརྩོན་སྒོ་ཀུན་ནས་ཞུ་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན།" ཅེས་གསུངས་སྟེ། བཀའ་ཁྲི་ཉིད་ཀྱི་ངོས་ནས་དོན་དམ་པའི་ཆོས་ལུགས་རིས་མེད་ཀྱི་དམངས་གཙོའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ྋགོང་ས་མཆོག་གི་ཐུགས་བཞེད་བསྒྲུབ་ཐབས་ཞུ་རྒྱུ་ཡིན་པའི་ཁས་ལེན་བཅས་གནང་སོང་།



དེ་བཞིན་དམ་འབུལ་གསུངས་བཤད་སྐབས། བཀའ་ཁྲི་མཆོག་གིས་ང་ཚོའི་འཐབ་རྩོད་ནི་རྒྱ་ནག་མི་མང་ངམ་རྒྱ་ནག་རྒྱལ་ཁབ་ཀྱི་ཁ་གཏད་དུ་ལངས་པ་ཞིག་མ་ཡིན་པར། རྒྱ་ནག་དབང་འཛིན་པས་བོད་ནང་ལག་བསྟར་བྱས་པའི་མཁྲེགས་འཛིན་གྱི་སྲིད་བྱུས་དེ་དག་ལ་ངོ་རྒོལ་དང་། ང་ཚོས་རང་དབང་དང༌། དྲང་བདེན། ཆེ་མཐོང༌། དེ་བཞིན་བོད་མིའི་ངོས་འཛིན་བཅས་ཀྱི་ཆེད་འཐབ་རྩོད་བྱེད་བཞིན་ཡོད་པ་དང་། བོད་རྒྱ་མི་རིགས་གཉིས་ཀའི་ཁེ་ཕན་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་གྱིས། ཞི་མོལ་གྱི་ལམ་ནས་བོད་དོན་འགྲིག་འཇགས་འཚོལ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད་པས། ས་གནས་དང་དུས་ཚོད་གང་འདྲ་ཞིག་ཏུ་ཡིན་ཡང་རྒྱ་གཞུང་དང་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་པའི་གསལ་འདེབས་དང་། རྒྱ་གར་གཞུང་དང་ཨ་རི། ཡུ་རོབ་ཀྱིས་མཚོན་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཀྱིས་མུ་མཐུད་རྒྱབ་སྐྱོར་གནང་སྟེ། པེ་ཅིན་གཞུང་ལ་བོད་ཀྱི་གནད་དོན་དེ་ཞི་བའི་སྒོ་ནས་སེལ་ཐབས་ཀྱི་བསྐུལ་ལྕག་གནང་དགོས་པའི་འབོད་སྐུལ་ཡང་གནང་སོང་།



བཀའ་ཁྲི་གསར་པའི་མ་འོངས་ལས་འཆར་ནང་དུ། འབྱུང་འགྱུར་ལོ་ལྔའི་རིང་ཆིག་སྒྲིལ་དང༌གསར་གཏོད། རང་ཁ་རང་གསོ་བྱ་རྒྱུའི་ལྟ་གྲུབ་ལ་བརྟེན་ཏེ། མ་འོངས་པར་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ད་དུང་ལོ་ལྔ་བཅུར་གནས་དགོས་ཀྱང་མུ་མཐུད་སྲ་བརྟན་རྒྱུན་གནས་ཐུབ་པ་དང༌། གཞིས་བཞུགས་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་པའི་ “ལྷག་དཀར” གྱི་ལས་འགུལ་ལ་རྒྱབ་སྐྱོར། འཛམ་གླིང་གང་སར་ཁ་བཀྲམས་ཏེ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་སྒྲིག་འཛུགས་ཁག་སྲ་བརྟན་ཡོང་ཐབས་སུ་སྒུལ་ཤུགས་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་བྱ་རྒྱུ་མ་ཟད། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་ལས་དོན་གལ་ཆེ་ཤོས་སུ་བརྩིས་ནས་འབྱུང་འགྱུར་ལོ་ ༢༠ ནང༌། བཙན་བྱོལ་བོད་མི་ཆིག་འབུམ་ལྷག་གི་ནང་ནས་ཁྱད་ལས་པ་ ༡༠༠༠༠ འཐོན་ཐུབ་པའི་དམིགས་ཚད་དང༌། བོད་ནང་ཁྱད་ལས་པ་ ༡༠༠༠༠༠ འཐོན་ཐུབ་རྒྱུའི་རེ་སྐུལ་ཞུ་རྒྱུ། འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཐད་ཕྱི་གསལ་ནང་གསལ་དང༌མང་ཚོགས་མཉམ་ཞུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ། དེ་བཞིན། འབྱུང་འགྱུར་ལོ་ལྔ་བཅུའི་འཕྲལ་ཕུགས་ཀྱི་འཆར་སྣང་ཐད། མཁས་པ་དང་ཤེས་ཡོན་ཅན་ཚོའི་ཐབས་བྱུས་དང༌རྣམ་དཔྱོད་འདོན་སའི་སྡིངས་ཆ་བསྐྲུན་ཆེད། བོད་ཀྱི་སྲིད་བྱུས་ཞིབ་འཇུག་ཁང་ཞིག་འཛུགས་རྒྱུ། གཞིས་ཆགས་རེ་དང་བོད་རིགས་སྤྱི་མཐུན་ཚོགས་པ་རེ་མགོ་སྦྲེལ་གྱི་ལམ་ནས་རྒྱ་བལ་འབྲུག་གསུམ་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ཡོད་པའི་བོད་རིགས་ཚོའི་བར་མཐུན་འགྱུར་བྱེད་ཐབས་ཀྱི་འབྲེལ་བ་འཛུགས་རྒྱུ་དང་། "བོད་ཀྱི་མཉམ་སྡེབ"ཅེས་པ་གསར་འཛུགས་ཀྱིས་རྒྱ་གར་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཤེས་ཡོན་ཅན་ཚོའི་ནུས་པ་འགུག་ཐབས་བྱས་ཏེ། གཞོན་སྐྱེས་ཚོར་ལས་འཚོལ་གྱི་གོ་སྐབས་དང༌། གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས་བཅས་བྱ་རྒྱུ་ཡིན་པ་གསུངས་སོང་།



བཀའ་ཁྲི་མཆོག་གིས་དམ་འབུལ་གསུངས་བཤད་ཀྱི་མཐའ་བསྡོམས་སུ། མ་འོངས་པར་གངས་ལྗོངས་ཆོས་ལྡན་ཞིང་དུ་གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་རྒྱུ་དང་། ༸གོང་ས་མཆོག་ལྷ་ལྡན་གྲོང་ཁྱེར་དུ་ཆིབས་ཞབས་བསྒྱུར་རྒྱུའི་ལོ་རྒྱུས་རང་བཞིན་ལྡན་པའི་འགྲུལ་བཞུད་དེ་མགོ་འཛུགས་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་པ་ཅེས་སོགས་གསུངས་སོང་།

བཀའ་ཤག་གསར་པའི་ཚོགས་ཁང་དུ་གསར་འགོད་པས་དེ་རིང་༸གོང་ས་མཆོག་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཀྱི་གསུང་བཤད་ནང་"སྲིད་སྐྱོང" ཞེས་པའི་ཐ་སྙད་གསར་དུ་བེད་སྤྱོད་གནང་པའི་ཐད་དགོངས་ཚུལ་གང་ཡོད་བཀའ་འདྲི་གནང་བའི་ལན་དུ་ཁོང་གིས། "ད་ལྟའི་ཆར་ང་རང་བཀའ་བློན་ཁྲི་པ་རེད། མ་འོངས་པར་སྲིད་སྐྱོང་དང་བཀའ་བློན་ཁྲི་པ་གང་ཆགས་མིན་གྲོས་ཚོགས་ལ་རག་ལས་ཡོད་པ་རེད། དེ་རིང་གཙོ་ཆེ་ཤོས་མི་མང་རང་ལ་གསུངས་བཤད་གནང་བ་ཡིན་པས། མི་མང་ལ་དགོངས་ཚུལ་ག་རེ་ཡོད་པ་དེ་གཞིར་བཞག་པའི་ཐོག་ནས་འགྲོ་དགོས་ཀྱི་ཡོད། ང་རང་ཡང་མི་མང་གིས་བདམས་པའི་མགོ་ཁྲིད་ཅིག་ཆགས་ཡོད་སྟབས། མི་མང་གི་བསམ་ཚུལ་ལྟར་གྲོས་ཚོགས་ཀྱིས་ཐག་གཅོད་ག་རེ་གནང་པ་དེར་མོས་མཐུན་གཙང་མ་ཞུ་རྒྱུ་ཡིན། "ཞེས་གསུངས་སོང་།

No comments:

Post a Comment