Friday, August 26, 2011

ཨ་རུ་ཎ་ཅལ་གྱི་བོད་མི་ཚོས་རེ་བ་འདི་ལྟར་རྒྱག་གི་འདུག



ཨ་རུ་ཎ་ཅལ་གྱི་བོད་མི་ཆིག་སྟོང་ཁེ་ཎ་ཌར་ལེན་རྒྱུའི་ལས་གཞི་འགྲོ་བཞིན་པའི་སྐབས་འདིར། གསར་འགོད་པས་ཏེ་ཛི་དང་མེའོ། བསྟན་འཛིན་སྒང་བཅས་ཀྱི་མི་སྣ་གསུམ་ལ་བཅར་འདྲི་ཞུས་ཏེ། ས་གནས་ཀྱི་གནས་སྟངས་དང་མང་ཚོགས་ཀྱི་མངོན་འདོད་ལ་རྒྱུས་ལོན་བྱས་ཡོད།

ཁེ་ཎ་ཌའི་གཞུང་གིས་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་གྱི་བོད་མི་ ༡༠༠༠ ཁེ་ཎ་ཌར་འཐེན་རྒྱུའི་ཐག་གཅོད་བྱུང་ཡོད་པ་ལྟར། ཉེ་བའི་ཟླ་ཤས་གོང་ཁེ་ཎ་ཌ་གཞུང་དང་ཡུལ་དེའི་བོད་རིགས་སྤྱི་མཐུན་ཚོགས་པའི་འཐུས་མི་གཉིས། ཨ་རུ་ཎ་ཅལ་བོད་མིའི་གཞིས་ཆགས་ཁག་ཏུ་བསྐྱོད་དེ་གཞིས་སྤོའི་ལས་འཆར་སྐོར་མང་ཚོགས་ལ་ངོ་སྤྲོད་གནང་སྟེ། ཁྱིམ་མི་ཁ་བྲལ་དུ་མི་འགྲོ་ཆེད་ཁྱིམ་ཚང་ཧྲིལ་པོ་གྱེས་ཏེ་འཐེན་རྒྱུའི་ཐག་གཅོད་བྱུང་ཡོད་པ་མ་ཟད། ལས་འཆར་དེ་མ་འོངས་པའི་ཟླ་ ༣ ནང་དངོས་སུ་ལག་བསྟར་བྱ་འཆར་ཡོད་ཚུལ་བརྗོད་ཡོད་འདུག འོན་ཀྱང་ས་གནས་མང་ཚོགས་ཀྱིས་ཁྱིམ་ཚང་རེ་ནས་མི་གཅིག་རེ་འཐེན་ཐུབ་རྒྱུར་རེ་བ་ཆེན་པོ་རྒྱག་གི་ཡོད་པ་དང་། མི་མང་གི་བསམ་ཚུལ་དེ་གཞིས་མགོ་དང་བོད་གཞུང་ནང་སྲིད། ཁེ་ཎ་ཌའི་ཆེད་གཏོང་འཐུས་མི་བཅས་ལ་སྙན་སེང་ཞུས་ཡོད་འདུག

འདི་གའི་གསར་འགོད་པས་མེའོ་ཆོས་འཕེལ་གླིང་མཉམ་འབྲེལ་ཚོགས་གཙོ་སྐུ་ཞབས་རིག་འཛིན་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་དོན་ལྟར་ན། ཟླ་ཤས་གོང་ཁེ་ཎ་ཌའི་གཞུང་གི་ལས་བྱེད་ཅིག་དང་བོད་རིགས་སྤྱི་མཐུན་ཚོགས་པའི་འཐུས་མི་གཉིས། ཨ་རུ་ཎ་ཅལ་མེའོ་དང་ཏེ་ཛུ་གཞིས་ཆགས་གཉིས་སུ་སྐོར་སྐྱོད་བྱས་ཏེ། ས་གནས་མི་མང་ལ་ཚོགས་འདུ་སྐོང་སྐབས་མང་ཚོགས་ཀྱིས་ཁ་ཎ་ཌའི་གཞུང་གིས་ཨ་རུ་ཎ་ཅལ་གཞིས་ཆགས་ཁག་ ༣ གྱི་ཁྱིམ་ཚང་རེ་ནས་མི་ ༡ རེ་ལེན་རྒྱུར་འབོད་སྐུལ་ཞུས་འདུག་ཀྱང་། འཐུས་མི་གཉིས་ཀྱིས་ཁེ་ཎ་ཌའི་གཞུང་གིས་བོད་མི་གཞིས་སྤོའི་ལས་འཆར་ཆ་ཚང་བཟོས་ཟིན་ཡོད་ལུགས་དང་། མི་ཚང་ཧྲིལ་བོ་མ་འཐེན་ན་མ་འོངས་པར་ཁེ་ཎ་ཌའི་གཞུང་ལ་དཀའ་ངལ་འཕྲད་ཀྱི་ཡིན་ཚུལ། ཁྱིམ་མི་ཁ་བྲལ་གཏོང་རྒྱུ་དེ་ཁེ་ཎ་ཌ་གཞུང་གི་སྲིད་བྱུས་དང་མཐུན་གྱི་མེད་ལུགས་སོགས་བརྗོད་འདུག

མེའོ་གཞིས་ཆགས་ནང་མི་ཚང་ ༥༠༠ དང་གཞིས་མི་ ༣༠༠༠ ཙམ་ཡོད་འདུག་ལ། ཁྱིམ་ཚང་ཕལ་ཆེ་བར་ནང་མི་ ༦ ནས་ ༧ དང་། གཞིས་གྲོང་ཁག་ཅིག་ལ་ནང་མི་ ༡༡ ཅན་ཡང་ཡོད་འདུག དེའི་ཐད་རིག་འཛིན་རྡོ་རྗེ་ལགས་ཀྱིས་བརྗོད་དོན། “ གལ་སྲིད། ནང་མི་ལྟར་འདེམས་སྒྲུག་བྱས་ཏེ། ནང་མི་ ༡༡ ཅན་ཞིག་ལ་རྒྱན་ཐོབ་ན། ང་ཚོའི་ཐོབ་ཐང་ཉུང་དུ་འགྲོ་བ་རེད། མེའོ་གཞིས་ཆགས་གཅིག་པུར་གཞིས་གྲོང་ ༥ དང་གཞིས་གྲོང་རེར་མི་ ༥༠༠ ལྷག་ཡོད་དུས། གཞིས་གྲོང་ ༡ ལ་མ་གཏོགས་གོ་སྐབས་རག་ཐབས་ཡོད་པ་མ་རེད་ཅེས་ ” བརྗོད་བྱུང་།

རིག་འཛིན་རྡོ་རྗེ་ལགས་ཀྱིས་མེའོ་གཞིས་ཆགས་ཀྱི་དཀའ་ངལ་སྐོར་བརྗོད་རྒྱུར། “འཚོ་བའི་ཆ་རྐྱེན་སྐྱོ་བའི་དབང་གིས་བྱིས་པ་མང་ཆེ་བ་མཐོ་སློབ་ཏུ་བསྐྱོད་ཐུབ་ཀྱི་མེད་པ་དང་། ཕོ་མང་ཆེ་བ་རྒྱ་གར་དམག་ཁོངས་སུ་འཛུལ་བཞིན་ཡོད་སྟབས། ད་ཆར་མེའོ་གཞིས་ཆགས་གཅིག་པུར་བོད་པའི་དམག་མི་ ༣༠༠ ལྷག་ཡོད་འདུག མང་ཚོགས་ལ་འཐུང་ཆུའི་དཀལ་ངལ་འཕྲད་དེ། ཉིན་གཉིས་རེ་ནང་ཁྱིམ་ཚང་རེར་ཆུ་ལེ་ཁྲིར་ (litre) ༢༥ ལས་རག་གི་མེད་པ་དང་། གྱོན་ཆས་རིགས་བཀྲུ་བར་སྤྱི་ལེ་ ༣ གྱི་སར་ཡོད་པའི་གཙང་པོའི་ཁར་འགྲོ་དགོས་ཀྱི་ཡོད་འདུག འདིའི་སྐོར་ལ་རིག་འཛིན་ལགས་ཀྱིས “ཕྱི་རྒྱལ་དང་རྒྱ་བལ་ཁུལ་དུ་བཞུགས་མཁན་བོད་རིགས་ལྷག་བསམ་ཅན་ཚོས་མེའོ་གཞིས་ཆགས་ཀྱི་མི་ཚང་རེ་ལ་ཆུ་གསོག་སྣོད་ (Tank)རེ་གནང་ཐུབ་པ་ཡིན་ན། ཆར་དུས་སྐབས་ཆུ་གསོག་འཇོག་གང་འཚམ་ཐུབ་པ་རེད། ང་རང་ལ་མཚོན་ན་གཞིས་ཆགས་འདིའི་ནང་གི་མཐུན་རྐྱེན་འཛོམས་ཤོས་གྲས་ཡིན་པའི་ཁུལ་རེད། འོན་ཀྱང་། སྐབས་ཤིག་ང་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་སུ་ཕྱིན་པ་ཡིན། ངའི་ཁང་པ་བྷེལ་ཀོབ་གཞིས་ཆགས་ཀྱི་མི་ཚང་ཞིག་གི་སྒོ་ཆེན་གྱི་རིན་གོང་ཡང་མི་འདུག” ཅེས་བརྗོད་བྱུང་།


ཏེ་ཛི་དར་རྒྱས་གླིང་གཞིས་ཆགས་ཀྱི་མཉམ་འབྲེལ་འགན་འཛིན་བློ་བཟང་ལགས་སུ་བཅར་འདྲི་ཞུས་པར། “ ང་རང་ཉེ་ཆར་བོད་ལ་གཉེན་འཕྲད་དུ་ཕྱིན་ཏེ་ཕྱིར་ལོག་མ་ཐག་ཡིན། ཞིབ་ཕྲའི་གནས་ཚུལ་ཤེས་ཀྱི་མེད། སྤྱིར་ཏེ་ཛི་གཞིས་ཆགས་ལ་ཁྱིམ་ཚང་ ༣༧༢ དང་གཞིས་མི་ ༢༨༠༠ ཙམ་ཡོད། ཉེ་ལམ་གཞིས་ཆགས་ནང་ཚོགས་འདུ་ཚོགས་ཏེ་མི་ཚང་རེ་ནས་མི་གཅིག་རེ་འཐེན་དགོས་པའི་རེ་འདུན་ཞུས་ཀྱང་ཕར་ཕྱོགས་ནས་ངོས་ལེན་གནང་མི་འདུག མང་ཚོགས་ཀྱིས་ད་དུང་རེ་བ་ཆེན་པོ་རྒྱག་གི་འདུག ང་ཚོའི་གཞིས་ཆགས་ས་བབ་དམའ་བོ་ཡིན་སྟབས་ལོ་ཏོག་ག་རེ་བཏབ་ཀྱང་སྨིན་གྱི་ཡོད་མོད། ཞང་ས་ཆུང་བའི་དབང་གིས་རང་ལ་ཟ་རྒྱུ་ཙམ་ལས་གཞན་ལ་བཙོང་རྒྱུ་ཡོད་པ་མ་རེད། གཞིས་ཆགས་ཀྱི་འཚོ་བ་གཙོ་བོ་ཞོག་ཁོག་དང་འབྲས། སྔོ་ཚལ་རིགས་ལ་བརྟེན་ཡོད། གཞིས་ཆགས་ས་ཆ་ཁུག་ཀྱོག་ཡིན་པ་དང་། ལམ་ཁ་ཡག་པོ་མེད་པ། ཆུ་གློག་དཀོན་པ། ཡུལ་མི་དང་ས་ཆུའི་བདག་དབང་ཐོག་རྩོད་རྙོག་ཡོད་སྟབས་ཡུལ་དཀའ་ངལ་ཆེན་པོ་འདུག་ཅེས་ ” ཞེས་བརྗོད་སོང་།

བསྟན་འཛིན་སྒང་གཞིས་ཆགས་ཀྱི་མཉམ་འབྲེལ་དྲུང་ཆེ་བསྟན་འཛིན་རིག་བཟང་ལགས་སུ་བཅར་འདྲི་ཞུས་པར། “ལས་གཞི་དེ་མ་འོངས་པའི་ཟླ་གསུམ་ནང་ལག་བསྟར་བྱ་རྒྱུ་ཡིན་ས་རེད། བསྟན་འཛིན་སྒང་གཞིས་ཆགས་ནང་འབུམ་སྡེ་ལ་ཁ་ཐོར་མི་མང་དང་མོན་རྟ་དབང་བཅས་ཀྱང་ཚུད་ཀྱི་ཡོད། ཁྱོན་སྡོམ་མི་ཚང་ ༢༥༠ དང་གཞིས་མི་ ༡༦༠༠ ཙམ་ཡོད་པ་རེད། ང་ཚོར་ཡིག་ཆ་མེད་པ་དང་ལམ་ཁ་ཡག་པོ་མེད་པ། གློག་དང་དྲ་རྒྱའི་དཀའ་ངལ་སོགས་འཕྲད་ཀྱི་འདུག་ལ། ཡུལ་མི་མོན་པ་ཚོས་ཀྱང་ས་ཆའི་བདག་དབང་ཐོག་རྟག་པར་སུན་པོ་བཟོ་བཞིན་ཡོད། དེ་བཞིན། ང་ཚོས་བཏབ་པའི་ལོ་ཏོག་དེ་ཁྲོམ་ལ་བཙོང་དུ་སོང་ན་རི་སྒང་བརྒྱུད་དེ་ལེ་བར་ ༢༠༠ ལྷག་འགྲོ་དགོས། རླངས་འཁོར་གླས་ན་ཧིན་སྒོར་ ༧༠༠༠ ཙམ་སྤྲོད་དགོས་དུས་ཁེ་སྤོག་ཡོད་པ་མ་རེད། འཚོ་བའི་དཀའ་ངལ་དེའི་དབང་གིས་བསྟན་འཛིན་སྒང་གཞིས་ཆགས་ནང་མཐོ་རིམ་སློབ་སྦྱོང་ཐོན་མཁན་ཧ་ཅང་ཉུང་ཉུང་རེད། གཞུང་ཞབས་ཁོངས་འཛུལ་མཁན་ཡང་རེ་ཟུང་ལས་ཡོད་པ་མ་རེད། བུ་མང་ཆེ་བ་འཛིན་རིམ་བདུན་པ་བརྒྱད་པ་ནས་དམག་མིར་ཞུགས་ཀྱི་ཡོད། ” ཅེས་བརྗོད་བྱུང་།

ལས་གཞི་འདི་ཁེ་ན་ཌའི་གཞུང་དང་ཁེ་ན་ཌའི་བོད་རིགས་སྤྱི་འཐུན་ཚོགས་པ། བྱང་ཨ་རིའི་སྐུ་ཚབ་དོན་བཅོད་བཅས་ཀྱིས་མཉམ་འབྲེལ་ཐོག་ལག་བསྟར་བྱེད་ཀྱིན་ཡོད་པ་ཞིག་ཡིན་ཞིང་། ཁེ་ཎ་ཌར་འགྲོ་མིའི་འོས་ཆོས་སུ་རང་བཙན་ལག་དེབ་ཡོད་ཐོག བོད་མི་དེ་ ༢༠༡༠ ཕྱི་ཟླ་ ༡༢ ཚེས་ ༡༨ སྔོན་ཨ་རུ་ཎ་ཅལ་དུ་ཡོད་དགོས་པ་ཞིག་ཡིན་འདུག ཨ་རུ་ཎ་ཅལ་མངའ་སྡེ་ནི་རྒྱ་གར་བྱང་ཤར་བོད་དང་ས་འབྲེལ་ཡིན་ཞིང་། མངའ་སྡེ་དེའི་འོག་བོད་མིའི་གཞིས་ཆགས་ཆེ་ཁག་ ༣ ཡོད་པ་དག་ནི། འབུམ་སྡེ་ལ་བསྟན་འཛིན་སྒང་དང་། མེའོ་ཆོས་འཕེལ་གླིང་། ཏེ་ཛི་དར་རྒྱས་གླིང་བཅས་ཡིན་ལ། གཞན་མོན་རྟ་དབང་དང་ཊི་ཀྲེང་སོགས་ཁ་འཐོར་ཁག་ཅིག་ཀྱང་ཡོད།

No comments:

Post a Comment