Thursday, August 11, 2011
བཙན་བྱོལ་བོད་མི་བརྒྱ་ཆ་ ༦༠ སྤྱི་མཐུན་མཉམ་འབྲེལ་ལ་བརྟེན་ཡོད།
འདོན་སྤེལ། ༢༠༡༡/༠༨/༡༡
དེ་རིང་གངས་སྐྱིད་དུ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་ཚོགས་ཆེན་ཐེངས་ ༡༡ པ་དེ་ཚོགས་ཡོད་ཅིང་། ཚོགས་པའི་འགན་འཛིན་མཆོག་གིས་ངོ་སྤྲོད་གནང་བ་ལྟར་ན། ཚོགས་པ་འདི་བཙན་བྱོལ་བོད་མི་བརྒྱ་ཆ་ ༦༠ ཙམ་གྱི་འཚོ་བརྟེན་ཆགས་ཡོད་འདུག
དེ་རིང་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ། དུས་ཡུན་ཉིན་གསུམ་རིང་གི་༼ བོད་མིའི་སྤྱི་མཐུན་མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༡ པ ༽ཞེས་པ་དེ་མགོ་འཛུགས་གནང་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཁྱོན་མི་ ༡༠༠ ལྷག་འདུ་འཛོམས་བྱུང་ཡོད།
ཐེངས་འདིའི་ཚོགས་ཆེན་སྟེང་བོད་མིའི་མཉམ་འབྲེལ་ཁག་ ༡༥ ཙམ་ནས་ཚོགས་གཙོ་དང་དྲུང་ཆེ། འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་ ༣ རེ་བཅས་ཁྱོན་མི་ ༦༠ ལྷག་ཕེབས་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་སྐབས་ཚོགས་ཆུང་ཁག་ ༣ ལ་ཆ་བགོས་ཀྱིས། གཙོ་བོ་ལོ་སྔོན་མར་མཉམ་འབྲེལ་ཚོང་ལས་ཐོག་གྱོང་གུད་ཕོག་ཡོད་མེད་དང་གྲོས་ཆོད་ཁག་ལག་བསྟར་བྱུང་ཡོད་མེད། མ་འོངས་པར་ལས་གཞི་གསར་གཏོད་དང་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་བཅས་ལ་གྲོས་བསྡུར་གནང་རྒྱུ་ཡིན་པ་མ་ཟད། ཕྱི་ཚེས་ ༡༣ ཉིན་གྱི་མཇུག་སྡོམ་སྟེང་ཚོགས་བཅར་བ་ཚོས་མཐའ་མའི་གྲོས་ཆོད་ཁག་གཏན་འབེབས་གནང་རྒྱུ་ཡིན་འདུག ཚོགས་འདུ་དབུ་འཛུགས་སྟེང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་འགན་འཛིན་སྐུ་ཞབས་བཀྲ་ཤིས་དབང་འདུས་ལགས་ཀྱིས་ངོ་སྤྲོད་གནང་དོན་ལྟར་ན། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་པ་དེ་ནི་བཙན་བྱོལ་བོད་མི་བརྒྱ་ཆ་ ༦༠ ཙམ་གྱི་འཚོ་བའི་བརྟེན་ས་ཆགས་ཡོད་པ་དང་། ད་ལྟ་ཚོགས་པ་འདིར་རྒྱ་བལ་འབྲུག་གསུམ་ནང་ཡན་ལག་ལས་ཁུངས་་ ༡༥༠ ཡོད་པའི་ནང་། གཏན་འཇགས་ལས་བྱེད་ ༥༠༠ དང་འཕྲལ་སེལ་ལས་བྱེད་ ༥༠༠ ཙམ་ཡོད་ཅིང་། ལས་བྱེད་ཚོས་ལས་ཀ་གཙོ་བོ་མགྲོན་ཁང་དང་ཟ་ཁང་གཉེར་རྒྱུ། རུམ་གདན་འཐག་པ། ཐུག་པ་བཟོ་བ། སྤོས་བཟོ། ཨ་ཤོམ་འདེབས་འཛུགས། རྩམ་པ་འཐག་པ། ཡུལ་སྐོར་ལྟེ་གནས། ཕྱུག་གསོ་ཁང་། ནུབ་ཕྱོགས་འབྲེལ་མཐུད། (Western Union) སོགས་མི་སྒེར་དང་། གཞུང་ངོས་ནས་ཀྱང་བསྒྲུབ་དཀའ་བའི་ལས་རིགས་མང་པོ་ཞིག་གཉེར་བཞིན་ཡོད་འདུག ཚོགས་པ་འདིས་ལོ་ལྟར་དབུས་བོད་མིའི་སྒྲིག་འཛུགས་ལ་ཚོང་ལས་ཁེ་བཟང་བརྒྱ་ཆ་ ༡༥ ཙམ་འབུལ་བཞིན་ཡོད་འདུག་ལ། ད་ལོར་ཡང་ས་གནས་མཉམ་འབྲེལ་ཁག་བཅོ་ལྔའི་ནང་ཧིན་སྒོར་འབུམ་ ༢༠༠ ཙམ་གྱི་ཁེ་བཟང་བྱུང་ཡོད་འདུག བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་པ་འདི་ཐོག་མར་དབུས་ནང་སྲིད་ལས་ཁུངས་ནས་འཛིན་སྐྱོང་གནང་བཞིན་ཡོད་ཀྱང་། སྐབས་བཅུ་གཉིས་པའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་ལས་ཡུན་རིང་གཞུང་གི་རྒྱུན་གྲོན་ལ་གྱོང་གུད་ཕོག་པའི་དཀའ་ངལ་སེལ་ཆེད་མཉམ་འབྲེལ་ལས་ཁུངས་ཁག་ཚོང་ལས་སྒེར་བདག་ཅན་དུ་བསྒྱུར་ཡོད་པ་རེད།
བཀྲ་ཤིས་དབང་འདུས་ལགས་ཀྱིས་བརྗོད་དོན། “ ད་ཆར་སྤྱི་མཐུན་མཉམ་ལས་དེབ་སྐྱེལ་བྱས་ཏེ་ལོ་ ༦ ལྷག་འགྲོ་བཞིན་ཡོད་སྟབས། སྔོན་མ་དང་བསྡུར་ན་གྱོང་གུད་རིགས་མེད་པར་འཛིན་སྐྱོང་ཧ་ཅང་ཚགས་ཚུད་པོ་བྱུང་ཡོད། སྤྱི་མཐུན་མཉམ་ལས་ཀྱི་ངོས་ནས་གཞིས་ཆགས་ཁག་གི་གཞིས་མི་ཉམ་ཆུང་དང་། ཚོང་ལས་ཙག་ཙིག་རྒྱག་མཁན་ཚོར་རོགས་རམ་གནང་བཞིན་ཡོད་པ་མ་ཟད། སྤྱི་མཐུན་མཉམ་ལས་ཀྱི་ལས་བྱེད་ཚོའི་བྱིས་པ་དང་གཞིས་ཆགས་ཁག་གི་བྱིས་པ་སྐྱོ་བོའི་རིགས་ལ་སློབ་ཡོན་རོགས་རམ་གནང་གི་ཡོད ” ཅེས་བརྗོད་བྱུང་།
དེའི་རྗེས་སུ་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས། སྤྱི་མཐུན་མཉམ་འབྲེལ་ཚོགས་ཆེན་གྱི་འཆར་གཞི་དང་དམིགས་ཡུལ་རྣམས། ཁོང་གིས་ནམ་རྒྱུན་བཤད་བསྡད་པའི་ “ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན” བཅས་ཀྱི་གཞི་རིམ་ལྟ་གྲུབ་གསུམ་དང་གཅིག་མཚུངས་ཡིན་སྐོར་གསུངས་ཏེ། སྤྱི་མཐུན་མཉམ་འབྲེལ་གྱིས་གཞིས་ཆགས་ཁག་གི་མང་ཚོགས་ལ་རོགས་རམ་གནང་བཞིན་པར་བསྟོད་བསྔགས་དང་། སྤྱི་མཐུན་མཉམ་འབྲེལ་གྱི་ལས་དོན་མུ་མཐུད་ཡར་རྒྱས་གཏོང་དགོས་ན་ཡང་། ཚོགས་པའི་ངོས་ནས་རྒྱ་གར་ཁྲིམས་ལུགས་དང་བསྟུན་རྒྱུ་དེ་བས་ཀྱང་གལ་ཆེན་ཡིན་སྐོར་གསུངས་སོང་།
ཡང་བཀའ་ཁྲི་མཆོག་གིས་སྤྱི་མཐུན་མཉམ་འབྲེལ་གྱི་འདས་པའི་ལོ་རྒྱུས་སྐོར་གསུངས་བའི་ནང་། བོདམིའི་སྤྱི་མཐུན་མཉམ་འབྲེལ་འདི་སྔོན་མ་ནས་ཡོད་པ་ཞིག་ཡིན་ཡང་། བར་སྐབས་ཤིག་ལ་ཆུང་ཉམས་ཆག་ལྟ་བུར་གྱུར་ཡོད་ནའང་། ༡༩༨༥ ལོར་བསྐྱར་འཛུགས་ཐུབ་པ་བྱུང་སྟེ། མཉམ་འབྲེལ་ཚོགས་པ་ལྔ་ནས་བདུན་དང་། དེ་ནས་བཅུ་གཉིས། ༢༠༠༧ ལོར་ཚོགས་པ་ཁག་ ༡༥ ཙམ་ལ་འཕེལ་རྒྱས་བྱུང་ཡོད་སྐོར་བསྟན་སོང་ལ། མ་འོངས་པར་ཡང་ཁྲིམས་མཐུན་ངོ་བོའི་ཐོག་ཚོགས་པའི་ལས་གཞིའི་རྣམ་གྲངས་དང་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས་ཚུལ་ནན་གསུང་དང་། སྤྱི་མཐུན་མཉམ་ལས་ཀྱི་ལས་གཞི་དེར་བཀའ་ཤག་གིས་རོགས་དངུལ་གཏོང་རྩིས་ཡོད་ཀྱང་མཐའ་མའི་ཐག་གཅོད་གྲོས་ཚོགས་ལ་རག་ལས་ཡོད་སྐོར་བཅས་གསུངས་བྱུང་།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་པ་ཟེར་བ་འདིར་ད་ཆར་ས་གནས་ཁག་ ༡༥ ཙམ་ཡོད་འདུག་ལ། དེ་དག་ནི་འབུམ་ལ་བསྟན་སྒང་། ར་ཝང་ལ་ཀུན་ཕན་གླིང་། རྡོར་གླིང་བསུ་ན་མདའ། ཏེ་ཛུ་དར་རྒྱས་གླིང་། ལ་དྭགས་བསོད་ནམས་གླིང་། སྦན་ད་ར་ནོར་རྒྱས་གླིང་། མེའོ་ཆོས་འཕེལ་གླིང་། ངྷ་ས་མཉམ་ལས། མན་སྦར་ཕན་བདེ་གླིང་། ཨོ་རི་སཱ་ཕུན་ཚོགས་གླིང་། ཧོན་སོར་རབ་རྒྱས་གླིང་། ཀོ་ལི་སྒལ་དོན་ལྡན་གླིང་། མོན་གྷོ་འདོད་རྒུ་གླིང་། བྷེལ་ཀོབ་བདེ་སྐྱིད་སླར་གསོ། བྷེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་བཅས་ཡིན་འདུག
Subscribe to:
Post Comments (Atom)
No comments:
Post a Comment